མདོ་ཁམས་ཆུ་བཞི་སྒང་དྲུག

Dokham Chushi Gangdrug

དམིགས་ཡུལ།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་ཡུལ།

སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་རིགས་ས་ཁུལ་ཡོངས་རྫོགས་མི་རིགས་གཅིག་པའི་སྟོབས་ཆེན་རྒྱལ་ཁབ་སྙན་གྲགས་ཅན་དུ་གྱུར་ཅིང་། དེའི་ཁྱབ་ཁོངས་སུ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་གྲགས་ཤིང་། ཐ་སྙད་འདི་ནི་བོད་ཀྱི་གནས་བབ་ལ་གཞིགས་ནས་བོད་མི་རང་ཉིད་ཀྱིས་བཏགས་པ་ཞིག་ཡིན་ལ། འདི་ཉིད་ཀྱི་ཁོངས་སུ་གཏོགས་པའི་རུ་ཚོ་སོ་སོའི་རྣམ་པར་ཆགས་པ་ལས་ཆོལ་ཁ་ཞེས་པའི་ཐ་སྙད་མེད་ཅིང་། བོད་རིགས་གཅིག་གྱུར་གྱིས་སྟོབས་ཤུགས་སྲ་བརྟན་དུ་གནས་ཡོད།

ཐོག་མར་མདོ་ཁམས་ཆུ་བཞི་སྒང་དྲུག་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་ནི། བོད་རྒྱལ་ཁབ་སྲུང་སྐྱོབ་དང་། བོད་མི་རིགས་སྲུང་སྐྱོབ། བོད་རང་བཙན་སྲུང་སྐྱོབ་ཆེད་དུ་ ༡༩༥༨ ལོར་གསར་འཛུགས་བྱས་པ་རེད། དམིགས་ཡུལ་གཞིར་བཟུང་དགྲ་བོར་ཕར་རྒོལ་དྲག་པོ་ལན་མང་བྱས་པས། སྔར་བོད་བཙན་པོའི་སྐབས་ཀྱི་སྙིང་སྟོབས་སླར་གསོའི་སྣོན་མར་གྱུར་པ་མ་ཟད། བོད་མི་རེ་རེའི་སེམས་ངོས་སུ་ཕྱི་རོལ་དུ་དགྲ་ཟེར་བ་ཞིག་དང་། ནང་དུ་གཉེན་ཟེར་བ་ཞིག་ཡོད་པའི་སེམས་ངོ་གསལ་པོ་འཕྲོད་ཅིང་། དགྲ་ལ་དགྲ་བོའི་འདུ་ཤེས་དང་། གཉེན་ལ་གཉེན་གྱི་འདུ་ཤེས་བྱུང་བས། བོད་མིའི་སེམས་ཁམས་སུ་རྒྱལ་ཞེན་གྱི་བསམ་བློ་འཁོར་བའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།

ད་ལྟའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་ཡུལ་ནི།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྒྲིག་གཞི་ཅི་རིགས་ལ་བརྩི་བཀུར་དང་ལེན་གྱིས་རང་གཞུང་གི་མཛད་འཕྲིན་རྒྱས་ཐབས་སུ་ཕྱར་གྲུ་མཉམ་འདེགས་དང་། ལུང་ཚན་དང་། ཆོས་ལུགས། གྲལ་རིམ་སོགས་ཀྱི་དབར་འཐེན་འཁྱེར་གྱི་བསམ་བློ་སྤངས་ཏེ་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་མཛའ་མཐུན་དམ་གཙང་ཡོང་ཐབས་ལ་འབད་བརྩོན།

དེ་བཞིན་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་། རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་རྣམས་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་ཁྱབ་སྤེལ་རྒྱུན་འཛིན་ཐུབ་ཐབས། གཞིས་བྱེས་བོད་མི་ཡོངས་ཀྱི་འདོད་དོན་བོད་དོན་བདེན་མཐའ་གསལ་ཐབས་སུ་ཞི་དྲག་གཉིས་ཀྱི་ལས་འགུལ་གང་ཅིའི་ཐོག་ལ་དཀའ་ངལ་དང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་མདུན་སྐྱོད་དང་། ན་གཞོན་རྣམས་མ་འོངས་བོད་ཀྱི་སོན་རྩ་བཟང་པོ་འབའ་ཞིག་འབྱུང་ཐབས་སུ་ཤེས་ཡོན་མཐུན་འགྱུར་བྱ་རྒྱུ། ཐོག་མར་ལྕགས་ཚ་གྲི་གུ་ཐང་དུ་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་རང་རེའི་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོས་བོད་རང་བཙན་གྱི་ཆེད་དུ་སྐུ་སྲོག་བློས་བཏང་སྟེ་དགྲ་རྒོལ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་གདན་ཞུ་ཐུབ་པ་སོགས་བོད་ཀྱི་ལོ་རྒྱུས་སུ་གྲགས་པའི་བྱས་རྗེས་རྣམས་བྱས་པ་རྗེས་མེད་དུ་མ་སོང་བའི་མཇུག་མཐུད།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་ལུང་ཚན་སོ་སོའི་རང་ལུགས་ཐུན་མོང་མ་ཡིན་པའི་ཤེས་རིག་དང་། ཆས་གོས་དང་། གོམས་གཤིས་སོགས་རིག་གཞུང་བཟང་པོ་ཡོད་པ་རྣམས་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན་ཐུབ་པའི་འབད་བརྩོན། མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་དུས་དྲན་གཅེས་འཛིན་སྲུང་བརྩི་དམ་ཟབ་ཞུ་རྒྱུ་དང་། ཚོགས་པའི་དེབ་སྐྱེལ་བྱས་པའི་དམིགས་ཡུལ་དང་ཁྲིམས་སྒྲིག་རྣམས་ཚུལ་བཞིན་ལག་ལེན་དུ་བསྟར་རྒྱུ་བཅས་ཡིན།