རས་གཞི་སེར་པོ་གསེར་བཙོ་མ་ལྟ་བུ་འདུག་པ་དཔའ་བོ་རྣམས་ཀྱི་རྒྱལ་ཞེན་ལྷག་བསམ་ལ་ལྷད་མེད་པ་མཚོན། དེའི་སྟེང་རལ་གྲི་ཁ་འཐབ་ཡོད་པ་འདིས་བོད་ཡུལ་ཆོས་སྲིད་གཉིས་ལྡན་གྱི་རྣམ་པ་དང་། ཆུ་ཨའི་དང་དམག་རྡོག་རྩ་གཅིག་ལ་སྒྲིལ་ཏེ་བསྟན་དགྲ་རྒྱ་དམར་གཏོར་ཕམ་གཏང་རྒྱུའི་སྙིང་སྟོབས་བརྟན་པོ་མཚོན་ལ། རལ་གྲི་མེ་རི་འབར་བ་ཤེས་རབ་ཀྱི་ལྷ་མཆོག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཕྱག་མཚན་ཡིན་པས། ཕ་རོལ་གདོང་དགྲ་འདུལ་ལ་བློ་གྲོས་ཀྱིས་སྤོབས་པ་རྒྱས་ཕྱིར་དང་། རལ་གྲིའི་ཡུ་བར་རྡོ་རྗེ་འཁོད་པ་ཡིད་དམ་རྡོ་རྗེ་སེམས་པའི་ཕྱག་མཚན་ཡིན་པས། བསྟན་དགྲ་རྒྱ་དམར་མཐར་སྐྲོད་གཏོང་སྐབས་དཔའ་རྩལ་ལུས་ལ་རྫོགས་ཆེད་དང་། མེ་ཏོག་དཀར་པོ་དྲི་མ་མེད་པ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕྱག་མཚན་ཡིན་ན། སྔོན་ཚེའི་ཐུགས་བསྐྱེད་དམ་བཅའ་གཡོ་བ་མེད་ཅིང་བོད་ཆོས་ལྡན་ཞིང་ཁམས་མི་གཡོ་བར་བརྟན་པར་སྐྱོང་བའི་སླད་དང་། དཔའ་དམ་རྣོ་ངར་ལྡན་པ་ཁ་ཕྱི་ལ་འཁོར་བ་འདི་དཔའ་རྒོད་རྣམས་ཀྱིས་དགྲ་བོའི་སྲོག་རྩ་གཅོད་བྱེད་ཡིན་ལ། དེ་ཡང་བོད་རང་གིས་ཐོན་བསྐྱེད་ཐུབ་པའི་དྲག་པོའི་དམག་གི་མཚོན་ཆར་སོང་། དམག་དར་ལས་མཐོང་ཚེ་ཕ་རོལ་དགྲ་བོའི་དཔའ་ངར་འཇོམས་པ་དང་། རང་གིས་ཕྱར་ན་བློ་སྟོབས་འཕེལ་བའི་ཁྱད་ཆོས་ཡོད་པ་ཞིག་ཡིན།