སྤྱི་ལོ་༡༩༥༨ ཟླ་༦ ཚེས་༡༦ དེ་རིང་གི་ཉིན་མོ་འདི་ནི། བོད་མི་རིགས་ཀྱི་མེས་པོ་ཕ་སྤྲེའུ་བྱང་ཆུབ་སེམས་པ་དང་། མ་བྲག་སྲིན་མོ་གཉིས་ཀྱི་རིགས་བརྒྱུད་ཐོག་མར་སྤེལ་སའི་ཕ་ས། བཙན་པོ་གོང་མ་རིམ་བྱོན་རྣམ་པའི་ཆགས་ཡུལ། ཆོས་ཀྱི་སྒོ་མོ་འབྱེད་སའི་གནས་མཆོག། བཅུ་ཕྲག་རིག་པའི་འབྱུང་གནས། ལྷོ་ཁ་ཞེས་ཡོངས་སུ་གྲགས་པའི་བོད་ཡུལ་ས་ཡི་ལྟེ་བ། ལྕགས་ཚ་གྲི་གུ་ཐང་དུ་མདོ་དབུས་ཁམས་གསུམ་གྱི་དཔའ་རྒོད་རྣམས་ནས་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་བློས་བཏང་གིས་དམ་བཅའ་ཕུལ་བའི་རླབས་ཆེན་གྱི་ཉིན་མོ་ཞིག་ཡིན་ལ། རྒྱལ་ཡོངས་སུ་ཡོངས་བསྒྲགས་བྱས་ཏེ་མི་ལོ་ ༦༧ འཁོར་བའི་དུས་དྲན་གྱི་ཉིན་མོ་ཡིན་པས། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གུས་འདུད་དང་སེམས་བསམ་པའི་གདིང་ནས་རྗེས་དྲན་ཞུ་རྒྱུ་ཡིན།
ལོ་འདི་ནི་ཤིན་ཏུ་ནས་དགའ་སྤོབས་སྐྱེ་བའི་དམིགས་བསལ་གྱི་ལོ་དུས་ཤིག་སྟེ། རང་རེ་གངས་ཅན་པ་ཡོངས་ཀྱི་ལྷ་སྐལ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་མི་ཡི་རྣམ་པར་རོལ་པ། འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་སྐུའི་མཚན་དཔེ་གསེར་གྱི་ལང་ཚོ་མི་ཡུལ་ཁམས་སུ་མངོན་པར་བཞད་དེ་དགུང་གྲངས་༩༠ བདག་གིར་བཞེས་པའི་སྐལ་བཟང་དུས་ཚིགས་ཁྱད་པར་ཅན་ཁེལ་གྱི་ཡོད་སྟབས། དགའ་དད་སྤྲོ་གསུམ་གྱི་ངང་ནས་ལག་གཉིས་ཐལ་མོ་སྙིང་གར་སྦྱར་ཏེ། སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།
དེ་ཡང་། སྤྱི་ལོ་༡༩༥༩ ལོར་དགྲ་བོ་རྒྱ་དམར་སྲིད་གཞུང་ནས་བོད་ས་ཡོངས་རྫོགས་བཙན་བཟུང་ལག་བསྟར་བྱེད་འགོ་ཚུགས་ཤིང་། མགོན་པོ་གང་ཉིད་ཀྱི་སྐུ་ལ་ཉེར་འཚེའི་འཇིགས་པ་ཆེས་ཆེ་བའི་དུས་ཟིང་ནང་། མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཡོངས་ནས་རང་སྲོག་ལྟོས་མེད་ཀྱིས་ཞི་དྲག་གཉིས་ཀའི་ཐབས་བྱུས་བེད་སྤྱད་དེ་དགྲ་བོའི་གཡོ་བྱུས་འོག་ནས་སྐུ་ལ་ཉེ་ཞོ་གང་ཡང་མེད་པར་ཕྱི་ཡུལ་དུ་བདེ་བགྲོད་ཐུབ་པ་དང་། མགོན་པོ་གང་ཉིད་ཀྱི་མཛད་འཕྲིན་འོད་སྣང་ཕྱོགས་ཀུན་ཏུ་ཁྱབ་ཅིང་། གསེར་ཞལ་ལྷང་ངེ་ལྷན་ནེ་འཛམ་གླིང་མཛེས་པའི་རྒྱན་དུ་ཉི་འོད་བཞིན་གསལ་ལམ་མེར་བཞུགས་པ་ནི། བསྟན་སྲུང་དང་བླངས་དམག་དང་། ཕོ་བྲང་སྐུ་འཁོར་རྣམ་པའི་བློས་བཏང་ལས་བྱུང་པར་སོང་། ཁོང་རྣམ་པར་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ལགས།
༡༩༥༡ལོར་གུང་དམག་ནས་ཆབ་མདོ་བཙན་བཟུང་དང་། ཆིངས་ཡིག་དོན་ཚན་༡༧ ཟེར་བ་བཞག་རྗེས་རྒྱལ་ས་ལྷ་སར་རྒྱ་དམག་གིས་ཁེངས་ཤིང་། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་མཚན་གནས་བོད་ས་གནས་སྲིད་གཞུང་ཞེས་བརྗེ་བསྒྱུར་དང་འབྲེལ། གཞུང་ཞབས་དཔོན་རིགས་དཔའ་འཛངས་བློ་རྩལ་ཡངས་པ་རྣམས་གནས་དབྱུང་བཏང་པ་སོགས་ཀྱིས་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་པ་གསལ་རྟོགས་བྱུང་ཡང་། བོད་གཞུང་རང་ནས་༸རྒྱལ་བའི་སྐུ་ཕྱྭའི་བདེ་འཇགས་དང་མི་དམངས་མང་པོའི་ཚེ་སྲོག་ཆུ་ཟོས་སུ་འགྲོ་བར་འཇིགས་ཏེ་རྒྱ་དམར་ལ་བསྟུན་མཁས་གནང་རྒྱུ་ལས་དྲག་པོའི་ཁ་གཏད་བཀྱག་རྒྱུ་བློ་རིང་ཐུང་ཅི་རིགས་ལ་བརྟེན། ༡༩༥༧ལོར་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་པའི་ལྷ་སྡོད་མདོ་ཁམས་ཚོང་པ་བསམ་ཡོད་རྣམས་ཀྱིས་མངོན་གསལ་མེད་པའི་སྒོ་ནས། བོད་རང་དབང་རང་བཙན་མུ་མཐུད་གནས་ཐབས་དང་། ༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབས་བཅས་ལ་དམིགས་ཏེ་དྲག་པོའི་སྒོ་ནས་རྒྱ་དམག་ཕྱིར་འབུད་གཏོང་རྒྱུའི་ཆོད་སེམས་བརྟན་པོ་འཆང་སྟེ། རང་གཞུང་དཔོན་རིགས་དང་འབྲེལ་ལམ་སྟབས་བདེ་ཡོང་ཆེད་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གསར་བཞེངས་གནང་འགོ་བཙུགས་པ་དང་། བཀའ་ཤག་དང་གོ་བསྡུར་རིམ་སོང་བརྒྱུད་༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་ཚོགས་པར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཅེས་མཚན་གསོལ། རྩེ་མགྲོན་གཉེར་ཆེན་མོ་ཕ་ལྷ་ཐུབ་བསྟན་འོད་ལྡན་མཆོག་གིས་ཤང་དགའ་ལྡན་ཆོས་འཁོར་གླིང་ན་ཡོད་པའི་གཞུང་གི་གོ་མཛོད་ནས་མཚོན་ཆ་ལེན་སྤྱོད་ཆོག་པའི་གནང་བ་ཐོབ་པ་བཅས་ལས་རྟ་དམག་རིམ་བསྡུ་བྱས་ཏེ་ ༡༩༥༨ ཟླ་༦ ཚེས་༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་སྒར་དབུ་འཛུགས་ཐུབ་པ་བྱུང་བ་རེད།
༡༩༥༩ལོར་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་རྒྱལ་ས་ནས་ཉེས་ཡོལ་དུ་ཕེབས་རྒྱུ་ཐུགས་ཐག་ཆོད་པ་དང། ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་ནས་ཁས་ལེན་དམག་སྤུངས་ཆིག་སྟོང་ཙམ་ཆུ་ཤུལ་བར་ཡོང་ཞིང་། བོད་གཞུང་བཀའ་ཤག་ལ་གསང་འབྲེལ་ཞུས་དོན་ལྟར་དམག་མི་སུམ་བཅུ་ཐམ་པ་ལྷ་ས་སྐྱིད་ཆུ་ར་མ་གྲུ་ཁ་བར་ཆིབས་བསུར་བཅར་སྟེ། སྐུའི་ཡོངས་འཛིན་རྣམ་གཉིས་དང་། སྐུ་འཁོར་ནང་མི། བཀའ་བློན་དང་བཅས་པ་བཙན་བྱོལ་མ་འབྱོར་བར་དུ་རང་སྲོག་བློས་བཏང་གིས་དཔུང་རོགས་མཐིལ་ཕྱིན་པ་ཞུས་ཡོད། འོན་ཀྱང་། ལོ་རྒྱུས་ལ་ཤིན་ཏུ་ནས་རྨོངས་པ་རེ་ཟུང་གིས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་མི་ཞག་མལ་གསུམ་མཚམས་སུ་གཞི་ནས་འབྱོར་ཚུལ་བཤད་དེ་མི་དམངས་མགོ་སྐོར་བཏང་པ་མ་ཟད་བཀའ་དགོངས་ལོག་འགྲེལ་གནང་པའི་བརྙན་པར་མཐོང་རྒྱུ་འདུག་པས། ལན་དུ། ཀུན་འདུས་རང་ནས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་དམངས་ཕྱག་དེབ་ཏུ། “ང་ཚོ་ཀོ་བའི་ཐོག་གཙང་ཆུ་བརྒལ་བསྐྱོད་བྱས་པའི་གཙང་ཆུའི་ཕ་རོལ་ཏུ་འབྱོར་སྐབས་སྐྱེད་མ་སོགས་དེར་ངལ་གསོ་བཞིན་བསྡད་ཚོད། ཡོངས་འཛིན་རྣམ་པ་དང་། བཀའ་བློན་སོགས་ཀྱང་གང་མགྱོགས་ཕེབས་འབྱོར་བྱུང་། ཁོང་རྣམས་ནི་ནོར་གླིང་ནས་རླངས་འཁོར་ཆེན་པོ་རས་ཀྱིས་བཀབ་པ་ཞིག་ནང་གབ་ནས་གཞུང་ལམ་ཐོག་ཤར་ཕེབས་ཀྱིས་བདེ་སྐྱིད་གླིང་ཁའི་མཁྲིས་ཀྱི་ལམ་ཆུང་ནས་རྟ་དང་། ཞབས་ཐང་གིས་ཕེབས། ཆུ་ཁར་ཀུན་དགའ་བསམ་གཏན་དང་། བསྟན་པ་དར་རྒྱས། ལོ་ཉི་ཤུ་སོན་པའི་གཞོན་ནུ་སྙིང་སྟོབས་ཅན་དབང་ཕྱུག་ཚེ་རིང་ཟེར་བ་བཅས་འགོ་ཁྲིད་གསུམ་དང་། ཁམས་དམག་སུམ་ཅུ་སྐོར་ནས་ང་ཚོ་སྒུག་སྡོད་བྱས་འདུག། ”ཅེས་བཀའ་གསལ་མཇལ་རྒྱུ་ཡོད་པ་འདི་བཞིན་གོ་རྟོགས་ཕྲན་བུ་ཡོང་རེས་འདིར་ཕུལ་བ་ཡིན།
ཁ་ཅིག་གིས་ཆུ་བཞི་སྒང་དྲུག་དམག་མི་ཚོས་ས་གནས་ཡུལ་མི་རྩ་ནས་ཅ་དངོས་རྐུ་འཕྲོགས། བཙུན་མ་དང་བུད་མེད་ལ་བཙན་གཡེམས་བྱས་ཚུལ་སྐབས་དེར་རྒྱ་དམར་གྱིས་ངན་བྱུས་འོག་ནས་དམག་རྫུན་བཏང་པའི་ནག་ཉེས་རྣམས་མི་བདེན་རྫུན་བསྒྲིགས་ཀྱིས་དཔེ་དེབ་ཏུ་བཀོད་འདུག་མོད། ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས་ཕྱག་དེབ་ཏུ། “ངེད་ཅག་འཕྱོངས་རྒྱས་རི་བོ་བདེ་ཆེན་ནས་མ་ཐོན་གོང་བསྟན་སྲུང་འཇབ་དམག་གི་འགོ་བྱེད་འགའ་ཤས་ཐུག་འཕྲད་ཀྱིས་གླེང་མོལ་བྱུང་དོན། ཁོང་ཚོས་རྒྱལ་བསྟན། ཆབ་སྲིད། སྐྱེ་འགྲོའི་རང་དབང་གི་དོན་དུ་རང་སྲོག་འདོར་ནུས་ཀྱི་དྲག་པའི་ངོ་རྒོལ་མུ་མཐུད་ཀྱིས་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་བྱེད་འོས་སུ་མཐོང་ཞིང་། ཁོང་ཚོའི་དཔའ་ངར་དང་། སྙིང་སྟོབས། ངོས་རང་སྲུང་སྐྱོབས་བྱས་པ་བཅས་ལ་ཐུགས་རྗེ་ཆེ་བརྗོད་པ་མ་ཟད། དེ་སྔོན་གཞུང་གི་བཀའ་རྒྱ་ཁག་ནང་ཁོང་ཚོར་ལོག་སྤྱོད་པ་དང་། ཇག་པ་ཞེས་མིང་འབོད་བྱས་པ་དེ་དག་ཀྱང་རྒྱ་མིའི་བཀོད་དབང་དུ་གྱུར་པར་སེམས་འཛིན་མི་འོས་པའི་གནས་ལུགས་ཀྱང་ཞོར་འཕྲོས་སུ་བརྗོད་པ་ཡིན།” ཞེས་ཀུན་འདུས་རང་ནས་གསེད་དཀྲོལ་དང་འབྲེལ་བཟོད་གསོལ་གནང་པ་གསལ་པོ་མཇལ་རྒྱུ་ཡོད་བཞིན་དུ་བསྙོན་འཛུགས་བྱས་པ་ནི་ཆེད་དུ་རྒྱ་དམར་ལ་དགོས་པའི་དཔུང་རོགས་དང་རྒྱབ་རྟེན་ངོ་མ་ཡིན་ཞིང་། རྒྱལ་གཅེས་དཔའ་བོ་རྣམ་པའི་མཛད་རྗེས་ལ་རྨ་འབྱིན་ཐབས་བྱས་པ་ཤིན་ཏུ་ནས་མི་འོས་པ་དང་། དེ་མཚུངས་འབྲེལ་ཡོད་ཀླད་ཆུང་རེ་ཟུང་ནས་མུ་མཐུད་ཆོལ་ཁ་གསུམ་པོ་ཁ་དང་ཁ་སྤུ་དབྱེ་འབྱེད་གནང་བཞིན་པའི་སྣང་ཚུལ་ཉིན་རེ་ལས་མ་འདས་པར་མངོན་གསལ་ཡོང་བཞིན་འདུག་པ་ནི་མགོན་པོ་གང་ཉིད་ཀྱི་དགུང་ནའི་བབ་དང་བསྟུན་ཏེ་དང་བླངས་ཀྱིས་དྲིན་ཆེན་ལག་པ་རྡོ་ཡིས་རྡུང་མཁན་སོང་། དུས་དྲན་འདི་དང་བསྟུན་ཏེ་རྒྱལ་ཁབ་དང་མི་རིགས་ཀྱི་སླད་དུ་གཤེགས་ཟིན་པའི་དཔའ་བོ་རྣམ་པ་ཡིད་ལ་དྲན་པའི་སྒོ་ནས་མི་དམངས་ལ་གསལ་འདེབས་མི་ཞུ་ཀ་མེད་བྱུང་ལ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ནི། དགའ་ལྡན་ཕོ་བྲང་མཛད་གཙོ་རྣམ་པའི་ཐུགས་ཁུར་བདག་རྐྱེན་དང་། མདོ་དབུས་ཁམས་གསུམ་གྱི་ཁྱབ་ཁོངས་མི་དམངས་ལས་གྲུབ་པ་ཞིག་རེད་ཅེས་གསལ་པོ་ཞུ་འདོད་བྱུང་།
བོད་ཀྱི་རྒྱལ་ས་ལྷ་ས་རྒྱ་དམར་ལ་ཤོར་ཟིན་རྗེས་གཉགས་གཡུ་རྒྱལ་ལྷུན་རྩེ་རྫོང་དུ་རྒྱལ་ས་གཉིས་པ་བཟུང་སྟེ། བོད་རིགས་ཡོངས་ལ་རྒྱ་ཁྱབ་བཀོད་འདོམས་ཇི་དགོས་དང་འབྲེལ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་དམག་སྤྱི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་ལོ་ངོ་གསུམ་ཙམ་གོང་ནས་གཞུང་འབྲེལ་དཔོན་རིགས་རྣམས་དང་འབྲེལ་ལམ་དམ་ཟབ་ཐོག གངས་ལྗོངས་རྒྱལ་བསྟན་ཆབ་སྲིད་ལ་ལྷག་ཞེན་འགྱུར་མེད་ཀྱིས་ཆུ་བཞི་སྒང་དྲུག་གི་དམག་དཔུང་འགོ་འཁྲིད། བསྟན་དགྲ་རྒྱ་དམར་དང་འཐབ་འཛིང་ཤུགས་བསྐྱེད་ཀྱིས་གཡུ་ལས་རྣམ་པར་རྒྱལ་བའི་དཔའ་འཛངས་བྱས་རྗེས་གཟེངས་སུ་ཐོན་པར་བརྟེན། གཞུང་འབྲེལ་ཛ་སག་གི་གོ་གནས་ཐོག་གནས་སྤར་གནང་པའི་བཀའ་ཡིག་རིན་པོ་ཆེ་ཡོད་མུས། གཞན་ཡང་། འགོ་འདོམས་དམག་དཔུང་ཐུན་མོང་ལ་གནང་པའི་སྦུག་དམ་བཀའ་ཡིག་རིན་པོ་ཆེར། “ཆ…
