མདོ་ཁམས་ཆུ་བཞི་སྒང་དྲུག

Dokham Chushi Gangdrug

ད་ལྟའི་གནས་བབ།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་ད་ལྟའི་གནས་བབ།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་ད་ལྟའི་གནས་བབ་ནི། ལོ་གསུམ་རེའི་མཚམས་སུ་ཚོགས་ཆེན་རེ་དང་། ལོ་གཅིག་དང་ཕྱེད་རེའི་མཚམས་འགན་འཛིན་ལྷན་ཚོགས་རེ་ཚོགས་བཞིན་ཡོད་ཅིང་། ཚོགས་ཆེན་དང་འགན་ལྷན་སྐབས་སུ་ཚོགས་བཅར་བ་དབུས་རྒྱུན་ ༡༡ དང་། མདོ་སྟོད་སྤྱི་འཐུས་བཅུ། རང་ཁོངས་ཆོས་བརྒྱུད་སྤྱི་འཐུས་ཁག །ས་གནས་རེ་ནས་ཚོགས་གཙོ་དང་དྲུང་ཆེ་བཅས་ཚོགས་འདུའི་གྲུབ་ཆ་ཚང་དགོས་ཤིང་། དབུས་འོས་བསྡུ་ཚོགས་ཆུང་དང་། རྩིས་ཞིབ་ཚོགས་ཆུང་། སྔོན་རྩིས་ཚོད་དཔག་ཚོགས་ཆུང་བཅས་ཚོགས་ཆེན་དང་འགན་ལྷན་ཐོག་བསྐོ་བཞག་བྱེད་བཞིན་ཡོད་ལ། ཟླ་བ་བཞི་རེའི་མཚམས་རྒྱུན་ལས་ལྷན་ཚོགས་རེ་ཚོགས་ཤིང་། ཚོགས་འདུ་སོ་སོར་གོ་བསྡུར་ཐག་གཅོད་ཇི་བྱུང་ལྟར་འགྲོ་གྲོན་གཏོང་ཕྱོགས་དང་། རྩིས་ཞིབ་པ་བསྐོ་གཞག །སློབ་ཡོན་སྦྱོར་སྤྲོད། རྒན་རབས་ཀྱི་འཚོ་སྣོན། སྤྱི་ཚོགས་ཞབས་ཞུ་སོགས་ལས་དོན་ཁག་སྒྲུབ་བཞིན་ཡོད།

ལས་དོན་གནང་ཕྱོགས་ཐད་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་སྒྲིག་གཞི་དོན་ཚན་ ༥༤ ཅན་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་བཅས་ཀྱི་སྒྲིག་གཞི། དོན་ཚན་ ༡༣ ཅན། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་དངུལ་རྩིས་སྟངས་འཛིན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དོན་ཚན་ ༡༦ ཅན་བཅས་གཏན་འབེབས་ཀྱིས་ལག་བསྟར་གནང་བཞིན་ཡོད།

སྒྲིག་གཞིའི་ནང་རྒྱུན་ལས་མང་མཐའ་ ༡༥ ནས་ཉུང་མཐར་ ༧ བར་ཡོད་ཆོག་པ་ལྟར་ད་ལྟ་རྒྱུན་ལས་མི་གྲངས་ ༡༡ ཡོད། དེའི་ནང་ཚོགས་གཙོ་གཅིག་དང་། ཚོགས་གཞོན་གཉིས། དྲུང་ཆེ། དྲུང་གཞོན། དངུལ་གཉེར། མཐུན་འབྲེལ་འགན་འཛིན། རྒྱུན་ལས་གཞན་བཅས་ཡིན། དོན་གྲུབ་གླིང་དུ་རྒས་གསོ་ཁང་ཞིག་དང། རྡ་སར་ཆུ་སྒང་རིག་གནས་འཛིན་གྲྭ། གཞན་ཡང་ཆུ་སྒང་དགེ་རྩ་ཚོགས་པ། ཆུ་སྒང་ཤེས་ཡོན་སྡེ་ཚན་བཅས་ཡོད། རྒྱ་བལ་གཉིས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་སུ་ཆུ་སྒང་ས་གནས་ཁག་བཞི་བཅུ་ཞེ་གྲངས་ཡོད་པ་དང་། དེ་དག་གི་རྒྱུན་ལས་རྣམས་ཀྱང་སྒྲིག་དོན་འོས་བསྡུ་བྱེད་བཞིན་ཡོད།

ལོ་བསྟར་ཆགས་སུ་ཕྱི་ཟླ་ ༦ པའི་ཚེས་ ༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་ས་གནས་ཡོད་དོ་ཅོག་ནས་ཉིན་བརྒྱ་དུས་གཅིག་ཏུ་སྲུང་བརྩི་ཞུ་བཞིན་པ་དང་། དམིགས་བསལ་བཞུགས་སྒར་རྡ་རམ་ས་ལར་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ནམ། སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་གནང་གི་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་དང་། གཞན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སོགས་སུ་བཀའ་སྤྱི་གཉིས་ནས་ཆུ་སྒང་དབུས་རྒྱུན་ལ་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མིང་ཐོག་ནས་མགྲོན་འབོད་གནང་གི་ཡོད།